ཐུགས་གཏེར་ལས༔ ཐུབ་ཆོག་ཉུང་བསྡུས་བཞུགས༔ སྒྲོལ་དམར་གསང་བའི་ཆོས་སྐོར་ལས༔ གཏོ་ཡི་བཟློག་པར་ཉེར་མཁོའི་ཆེད༔ རྒྱལ་དབང་ཤཱཀྱ་སེང་གེ་ཡིས༔ རྣལ་འབྱོར་ཟབ་ཅིང་དྲིལ་བ་ནི༔ དཀྱིལ་འཁོར་སྐུ་གསུང་ཐུགས་རྟེན་དང་༔ ཕྱི་ནང་མཆོད་པ་ཚུལ་བཞིན་བཤམས༔ སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན༔ ༼གུ་རུ་རྩ་གསུམ་གྱི་དྲིལ་སྒྲུབ་ལས༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ དཀོན་མཆོག་གསུམ་དངོས་རྩ་བ་གསུམ་གྱི་ལྷར༔ བདག་སོགས་འགྲོ་ཀུན་བྱང་ཆུབ་མ་ཐོབ་པར༔ གཉིས་མེད་རང་བྱུང་སྐུ་གསུང་ཐུགས་ཀྱི་ངང་༔ ཡེ་ནས་འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ ལན་གསུམ༔ སེམས་བསྐྱེད་ནི༔ ཧོ༔ མཁའ་མཉམ་འགྲོ་ཀུན་སྲིད་པའི་རྒྱ་མཚོ་རུ༔ འཁྲུལ་སྣང་ལས་ཀྱི་དབང་མེད་བཅིངས་པ་རྣམས༔ སྐུ་གསུམ་དགོངས་པ་རང་བཞིན་དག་པའི་བཤམས༔ རང་གྲོལ་འབད་མེད་ཆེན་པོར་སེམས་བསྐྱེད་དོ༔ ལན་གསུམ ཡན་ལག་བདུན་པ་ནི༔ ཧོ༔ དཀོན་མཆོག་རྩ་གསུམ་རྒྱ་མཚོར་ཕྱག་འཚལ་ལོ༔ འདོད་ཡོན་མ་སྤང་བདེ་ཆེན་མཆོད་པ་འབུལ༔ སྡིག་ལྟུང་རང་བཞིན་བྲལ་བའི་གཤིས་སུ་བཤགས༔ ཐེག་གསུམ་རང་གྲོལ་ཆོས་ལ་རྗེས་ཡི་རང་༔ གང་འདུལ་རང་བཞིན་སྣང་བའི་ཆོས་འཁོར་བསྐོར༔ འཕོ་མེད་འོད་གསལ་རྡོ་རྗེའི་ངང་དུ་བཞུགས༔ དགེ་རྩ་ཟག་མེད་འཁོར་གསུམ་བྲལ་བར་བསྔོ༔༽ ཕྱི་ལྟར་གྲུབ་ནས་བསྐྱེད་ཆོག་ནི༔ ཨཱཿ ཆོས་ཀུན་གདོད་ནས་དམིགས་སུ་མེད༔ རྣམ་ཐར་གསུམ་དང་ལྡན་པའི་ངང་༔ པདྨཉི་ཟླའི་གདན་གྱི་སྟེང་༔ སེམས་ཉིད་ཤཱཀྱ་སེང་གེའི་སྐུ༔ བཙོ་མ་གསེར་གྱི་མདོག་ལྟར་འཚེར༔ ཞལ་གཅིག་ཞི་ཞིང་འཛུམ་པའི་ཉམས༔ མཛོད་སྤུར་འོད་ཟེར་སྣ་ལྔ་འཕྲོ༔ ཕྱག་གཉིས་གཡས་པས་ས་གནོན་དང་༔ གཡོན་པས་མཉམ་བཞག་ཞབས་སྐྱིལ་ཀྲུང་༔ ཆོས་གོས་གསུམ་གསོལ་ལྷུན་ཆགས་བརྗིད༔ མཚན་དང་དཔེ་བྱད་རྣམ་པར་བརྒྱན༔ འོད་ཟེར་ཕུང་པོས་སྟོང་གསུམ་གང་༔ གནས་གསུམ་ཐུགས་སྲོག་འོད་ཟེར་ལས༔ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས༔ སངས་རྒྱས་བྱང་སེམས་འཕགས་པ་རྣམས༔ ཤཱཀྱའི་རྒྱལ་པོའི་སྐུར་བཞེངས་གྱུར༔ སྤྱན་འདྲེན་ནི༔ ཧཱུྃ༔ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་༔ བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ༔ དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི༔ བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ པདྨཀ་མ་ལ་ཡེ་༔ ཨོཾ་ཨརྒྷ་པདྱ་པུ་དྷུཔྤ་ཨ་ལོ་ཀེ་གནྡྷ་ནཻ་ཝིཏྱ་ཤབྟཔྲ་ཏིཙྪ་ཡེ་སྭཱ་ཧཱ༔ ཐུབ་དབང་འཇིག་རྟེན་གསུམ་གྱི་མགོན་པོ་ནི༔ གསེར་རི་ལྷུན་པོར་ཉིན་བྱེད་འབུམ་འཁྱུད་བཞིན༔ མཚན་དཔེའི་འོད་ཟེར་ལྟ་ན་སྡུག་པའི་སྐུ༔ སྲིད་གསུམ་འགྲན་བྲལ་མི་ཡི་སེང་གེར་འདུད༔ དེ་ནས་བཟླས་པ་ནི༔ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཆ་གང་སྟེང་༔ ཨོཾ་ཡིག་གསེར་མདོག་འོད་ཟེར་སྣ་ལྔ་འཕྲོ༔ དེ་མཐར་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར༔ སྤྲོ་བསྡུས་འོད་ཀྱིས་དོན་གཉིས་བྱས་པ་ཡིས༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་བསམ༔ བསྙེན་སྔགས་ནི༔ ཏདྱཐཱ༔ ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱཀྱ་མུ་ནེ་ཡེ་སྭཱ་ཧཱ༔ ཅི་འགྲུབ་བཟླས་མཐར༔ སྔགས་ཕྲེང་གནས་འགྱུར་རྟེན་འབྲེལ་སྙིང་པོའི་གཟུངས༔ གསེར་མདོག་འོད་ཟེར་འབར་བའི་འཕྲོ་འདུ་ལས༔ དོན་གཉིས་བྱས་ཤིང་བར་ཆད་ཐམས་ཅད་བསལ༔ སྣང་སྲིད་ལྷ་སྔགས་ཆོས་ཉིད་འཁོར་ལོར་གྱུར༔ ཨོཾ་ཡེ་དྷཱ་ཧེ་ཏུ་པྲ་བྷཝཱ་ཧེ་ཏུན་ཏེ་ཥནྟཐཱ་ག་ཏོ་ཝ་དཏ། ཏེ་ཥཉྩ་ཡོ་ནི་རོ་དྷཨེ་ཝཾ་བཱ་དཱི་མ་ཧཱ་ཤྲཱ་མ་ཎ་སྭཱ་ཧཱ། ཅེས་རྟེན་སྙིང་ཅི་འགྲུབ་བཟླ༔ མཐར་མཆོག་བསྟོད་དང་བསྔོ་སྨོན་བྱའོ༔ ༼གུ་རུ་རྩ་གསུམ་གྱི་དྲིལ་སྒྲུབ་ལས༔ བསྔོ་སྨོན་ནི༔ ཧཱུྃ༔ རྩ་བ་གསུམ་གྱི་བསྐྱེད་རྫོགས་ཏིང་འཛིན་དང་༔ དུས་གསུམ་རྣམ་དཀར་དགེ་རྩ་གཅིག་བསྡོམས་ཏེ༔ མཁའ་མཉམ་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ ཀུན་ཀྱང་མྱུར་དུ་བྱང་ཆུབ་མཆོག་ཐོབ་ཤོག༔༽ པདྨི་ཟབ་གཏེར་རྒྱ་མཚོ་ལས༔ སྨོན་ལམ་སྐལ་ལྡན་དུས་བབས་ཀྱི༔ བསྟན་འགྲོར་ཕན་པའི་ཡིད་བཞིན་ནོར༔ བྱིན་རླབས་ཕན་ཡོན་བརྗོད་དུ་མེད༔ ཁྱད་པར་སྐལ་བཟང་འདྲེན་པ་འདི༔ བདག་སོགས་གདུལ་བྱར་བཀའ་དྲིན་གྱིས༔ ཕན་བདེའི་འོད་སྟོང་འགྲན་བྲལ་བ༔ རྗེས་དྲན་དད་པས་རྟག་ཏུ་སྒྲུབས༔ བཀའ་དི་དྲེགས་བྱེད་འབར་བས་སྲུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གུ་ བརྡ་ཐིམ༔ ཞེས་ཆོས་ཀྱི་བདག་པོ་གཞི་ཆེན་མཆོག་སྤྲུལ་ཀུན་བཟང་དོན་རྟོགས་གསང་སྔགས་བསྟན་པའི་ཉི་མས་བསྐུལ་ངོར་དགེ་བསྙེན་བྲག་ལྷ་མགོན་པོའི་དབེན་གནས་སུ་ཨོ་རྒྱན་ཕྲིན་ལས་གླིང་པས་གཏན་ལ་ཕབ་པའི་ཡི་གེ་པ་ནི་བསྐུལ་བ་པོ་ཉིད་དོ༔ སརྦ་མངྒ་ལཾ༔ བཀྲ་ཤིས་བརྩེགས་པ་ནི༔ བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ༔ ཕྱོགས་བཅུའི་བཀྲ་ཤིས་ལྷ་རྣམས་ལ༔ བཀྲ་ཤིས་དོན་དུ་ཕྱག་འཚལ་ལོ༔ རྟག་ཏུ་བཀྲ་ཤིས་དཔལ་འབར་ཤོག༔ ཅེས་པའང་རང་སློབ་ཚེ་རིང་ངོར་ཆོས་དབྱིངས་རྡོ་རྗེས་སོ༔